རྟ་མགྲིན་ལྷ་མོ། རབ་བྱུང་བཅོ་ལྔ་པའི་ཆུ་ཕག་(སྤྱི་ལོ་1923) ལོར་ཆབ་མདོ་གོ་འཇོ་རྫོང་ཁོང་ར་ཆུ་རྐ་དོའི་ཉག་བླ་སྒར་ཞེས་པའི་སར་ཡབ་ཉག་བླ་བྱང་ཆུབ་རྡོ་རྗེ་དང་ཡུམ་དྲི་མེད་དབང་མོ་གཉིས་ཀྱི་རིགས་ཀྱི་མྱུ་གུར་འཁྲུངས།
ཡབ་ཀྱི་གཏེར་ཆོས་པོད་ཆེན་བཞི་བཅུ་ཙམ་ཡོད་པར་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་དབང་ལུང་ཁྲིད་མན་ངག་བཅས་པ་གསན་བཞེས་ཉམས་ལེན་མཛད། ལྷག་པར་དུ་ཡབ་ཀྱི་གཏེར་ཆོས་ཕག་མོའི་རླུང་ཁྲིད་རྒྱན་དུ་མཛད་ནས་བཅུད་ལེན་བདུན་ཚར་ཉེར་གཅིག་ཙམ་དང་ནམ་མཁའ་བཅུད་ལེན་བདུན་གཅིག་བཞུགས། ཁྱད་པར་དུ་ཡབ་ཀྱི་གཏེར་ཆོས་ཀྱི་ཉིང་ཁུ་ལྟ་བུ་ཡང་ཏིག་ནག་པོ་གསེར་གྱི་རྒྱ་ཅན་ཞེས་པར་ཉམས་ལེན་མཛད།
ཌཱ་ཀི་མ་འདི་ཉིད་ཀྱི་དབུ་སྐྲས་མིག་གི་ལིང་ཏོག་མངོན་སུམ་དུ་ཕྱི་ནུས་པ་དང་། ནུ་ཆུས་མིག་ནད་དང་གྲིབ་ནད་ལ་སོགས་པ་སྦྱོང་བའི་མཆོག་ཡིན། དགྲ་ལ་སྡང་སེམས་དང་གཉེན་ལ་ཆགས་སེམས་ཟེར་བ་གཏན་ནས་མི་མཁྱེན། གྲྭ་བུ་སོགས་སློབ་མ་མང་དུ་བསྐྱངས།
དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་ངང་ནས་དགུང་ལོ་ང་བདུན་ཧྲིལ་པོར་ཕེབས་པ་ས་ལུག་ (སྤྱི་ལོ་1979) ལོའི་བོད་ཟླ་གཉིས་པའི་ཚེས་ 27 གྱི་ཞོགས་པར་བཞུགས་སའི་ཉེ་སྐོར་གསེར་རྐ་དང་རྩེ་རོང་སོགས་སུ་ཡོད་པའི་གཉེན་ཉེ་བུ་སློབ་ཚང་མ་འབོད་དེ་གསུངས་པར།
ད་ཁྱེད་ཚོ་སྡུག་མ་བྱེད། སྐྱེས་པའི་མཐའ་མར་ཤི་རྒྱུ་ལས་མ་མཆིས། ང་རང་གི་ཚེ་ཚད་ལོ་ལྔ་བཅུ་ང་གཉིས་ཡིན་ཀྱང་། བླ་མ་རིན་པོ་ཆེའི་ཐུགས་རྗེ་དང་བུ་མོ་ཆུང་ཆུང་དེ་སྐྱེས་པ་གཉིས་ཀྱི་རྐྱེན་བྱས་ཏེ་ལོ་ཤས་ཚེ་བསྲིང་ཐུབ་པ་བྱུང་། རང་ལ་ཕག་མོའི་ཞལ་མཇལ་ཡང་ཐེངས་ཁ་ཤས་བྱུང་། ད་རེ་ཞིག་གཡུ་ལོ་བཀོད་པའི་ཞིང་དུ་འགྲོ་དགོས། ངའི་ཕུང་པོ་ལ་ཞེན་ཆགས་བྱས་ནས་ཉར་མ་སྡོད་ཅེས་སོགས་གསུངས་ཏེ་
དེ་ནུབ་མཚན་མོར་དགོངས་པ་གཞན་དོན་དུ་གཤེགས། སྐུ་གདུང་ཉིན་བདུན་བཞག་རིང་འོད་དུ་ཞུ་ནས་སྐུ་ལུས་ཧྲིལ་པོ་སྤྱི་སྐར་ཉེར་དྲུག་གམ་མཁྱིད་ལྷག་གང་ཙམ་ལས་མ་ལུས། ཚུལ་དེ་ཡུལ་དེའི་མང་ཚོགས་སྟོང་ཕྲག་མང་པོའི་ཐུན་མོང་གི་མིག་ལམ་དུ་མངོན་སུམ་སྣང་བ་བྱུང་། མི་མང་པོས་སྔར་བསྐུར་འདེབས་ཞུས་མྱོང་བར་བཟོད་གསོལ་ཞུས།
Photo Credit: Himalayan Art Resources
མཆན།
རྒྱུ་ཆ།
དོན་རྡོ་དང་བསྟན་འཛིན་ཆོས་གྲགས། ༡༩༩༣. རྟ་མགིན་ལྷ་མོ།. མི་སྣ། ཤོག་ངོས་ ༡༠༢༢–༡༠༢༤ པར་གཞི་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། BDRC W19803
མཇུག་བྱང་།
None
རྟ་མགྲིན་ལྷ་མོའི་རྣམ་ཐར།
AUTHORS
TRADITION
Nyingma
INCARNATION LINE
n/a
HISTORICAL PERIOD
20th Century
TEACHERS
TRANSLATOR
INSTITUTIONS
STUDENTS
unknown
རྟ་མགྲིན་ལྷ་མོའི་རྣམ་ཐར།
Alongside our own publications, Tib Shelf peer reviews and publishes the works of aspiring and established Tibetologists. If you would like to publish with us or request our translation services, please get in touch, our team would be pleased to help. Tib Shelf has been accredited by the British Library with the International Standard Serial Number (ISSN): 2754–1495