Alongside our own publications, Tib Shelf peer reviews and publishes the works of aspiring and established Tibetologists. If you would like to publish with us or request our translation services, please get in touch, our team would be pleased to help. Tib Shelf has been accredited by the British Library with the International Standard Serial Number (ISSN): 2754–1495
༈ དེ་ལས་དང་པོ་ཕྱི་སྣོད་ས་གཞི་རི་བཅས་ཆགས་ཚུལ་ནི་ཇི་སྐད་དུ། <འཕགས་པ་སྡུད་པ་> ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། ། ཞེས་གསུངས་པ་ལྟར་དེ་ཡང་འཇིག་རྟེན་གྱི་ཁམས་སྔོན་མ་དེ་ཉིད་བསྐལ་བའི་མེ་ཆུ་རླུང་གིས་འཇིག་ནས་བར་གྱི་བསྐལ་བ་ཉི་ཤུ་ཐམ་པའི་རིང་ལ་སྟོང་བ་གཅིག་ཏུ་གྱུར་ལ། དེ་ནས་འཇིག་རྟེན་གྱི་ཁམས་འདི་ཉིད་ཆགས་པ་ཡིན་ཏེ། དེའི་ཐོག་མ་རྒྱུ་སེམས་ཅན་སྤྱི་མཐུན་གྱི་ལས་ལ་བརྟེན་ནས། ཡིད་རྣམ་པར་དྭངས་པ་ཞེས་བྱ་བ་ནམ་མཁའ་དཀར་བའི་འོད་དང་ལྡན་པ་ཆེ་ཆུང་གི་ཚད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གི་སྣོད་བརྟེན་ནུས་པ་ཞིག་ཆགས་སོ། ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཆགས་ཏེ། དེ་ཡང་རྣམ་པར་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་རླུང་སྔོ་ལ་ཕྱུར་བ་ཞིག་ལངས། དེ་ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་གིས་ཕྱོགས་ཀུན་ཏུ་གདལ་བས་ནམ་མཁའ་ལ་ན་བུན་ལྟར་འཁྲིགས། དེ་རྩུབ་འགྱུར་གྱི་རླུང་ཡམ་ཞེས་བྱ་བའི་རང་སྒྲ་དང་བཅས་པས་ནམ་མཁའ་ལ་སྤྲིན་བཞིན་གཏོར། དེ་དག་རྣམ་པར་སྡུད་བྱེད་ཀྱི་རླུང་གིས་བསྡུས་པས་རྒྱ་ཆེ་ཞིང་དཔངས་མཐུག་པར་བྱས། དེ་སྨིན་བྱེད་མེའི་རླུང་དམར་སེར་ལས་མེ་མཆེད་ནས་བསྲེགས་པས་རླུང་གི་དཀྱིལ་འཁོར་འཇམ་ཞིང་ཁོད་སྙོམ་པར་ཆགས།དེ་འབྱེད་བྱེད་རླུང་གི་རླུང་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་འུར་གྱིས་ལངས་པ་ལས་དེ་དག་སོ་སོར་གཏོར། དེ་སྲུབ་བྱེད་ཀྱི་རླུང་གིས་བསྲུབས་པས་ལེགས་པར་ཆགས་སོ། ། རླུང་དེའི་ཁ་དོག་ནི་ནོར་བུ་ཨིན་དྲ་ནི་ལའི་རྣམ་པ་ལ། དབྱིབས་ནི་རྡོ་རྗེ་རྒྱ་གྲམ་མུ་འཁྱུད་ཟླུམ་པོས་བསྐོར་བ་ལྟ་བུ། ཚད་ནི་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་རྒྱར་ནི་གྲངས་མེད་པ་ཡོད་ལ། བྱེད་ལས་སྲ་ཞིང་མཁྲེགས་པ་དེས་ཆུ་ལ་སོགས་པ་བརྟེན་པའི་བྱ་བ་བྱེད་དོ། ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཆགས་ཏེ། དེ་ཡང་རླུང་གི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་སྤྲིན་གསེར་གྱི་སྙིང་ཅན་འདུས་པ་ལས། ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་བབས་ཏེ་འཁྱིལ་བ་ལས་ཞི་བ་གསལ་དག་གི་ཆུ་ཞེས་བྱ་བ་དབྱིབས་ཟླུམ་པོ་ཟླ་བ་རྒྱས་པ་ལྟ་བུར་ཆགས། ཆུའི་དཀྱིལ་འཁོར་དེའི་ཚད་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་དང་ཉི་ཁྲི་རྒྱར་ནི་གྲངས་མེད་པ་ཡོད། དེའི་སྟེང་དུ་གསེར་གྱི་ས་གཞི་ཆགས་ཏེ། དེ་ཡང་ཆུའི་འོག་རླུང་གི་དཀྱིལ་འཁོར་ལས་སྲུབ་བྱེད་ཀྱི་རླུང་ཞེས་བྱ་བ་བྱུང་སྟེ། ཆུའི་དཀྱིལ་འཁོར་བསྲུབས་པའི་སྤྲིས་མ་ལས་གསེར་གྱི་ས་གཞི་མཚོ་ལ་དར་ཆགས་པ་ལྟར་གྲུབ་སྟེ་དབྱིབས་གྲུ་བཞི་ཁ་དོག་སེར་པོ་གསེར་ལྟ་བུར་གྱུར་ཏོ། ། དེའི་རྔམས་སུ་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་ཉི་ཁྲི་རྒྱར་ནི་གྲངས་མེད་དོ། ། དེའི་སྟེང་རི་མཚོ་གླིང་རྣམས་ཆགས་ཏེ། དེ་ཡང་གསེར་གྱི་ས་གཞིའི་སྟེང་དུ་ནམ་མཁའ་ལ་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་འཁྲིགས་ཤིང་། དེ་ལས་ཆུའི་རྒྱུན་ཡུན་རིང་དུ་བབས་པ་ལས་སྨིན་པར་བྱེད་པའི་རླུང་གིས་ཆུ་དང་སའི་དཀྱིལ་འཁོར་བསྲུབས་པས་ཁམས་རབ་འབྱེད་སྡུད་ཀྱི་རླུང་ལས་རི་རབ་ལྷུན་པོ་བྱེ་བ་ཕྲག་བརྒྱ་གྲུབ། ཁམས་འབྲིང་འབྱེད་སྡུད་ཀྱི་རླུང་ལས་གསེར་གྱི་རི་བདུན་བྱེ་བ་ཕྲག་བརྒྱ་གྲུབ། ཁམས་ཐ་མ་འབྱེད་སྡུད་ཀྱི་རླུང་ལས་ཕྱི་རོལ་གྱི་ཁོར་ཡུག་ལྕགས་རི་དང་གླིང་བཞི་གླིང་ཕྲན་བྱེ་བ་ཕྲག་བརྒྱ་གྲུབ་པའི་ཚུལ་རྣམས་མདོ་སྡེ་ནས་གསུངས་པས། དེ་ལྟར་ཁམས་ཐ་མས་གླིང་བཞི་གླིང་ཕྲན་གྲུབ་སྐབས། ལྷོ་འཛམ་བུ་གླིང་གི་ལྟེ་བ་ཆུ་བོ་བཞི་འདུས་ཀྱི་མགོ་བོ་རི་བོ་ཆེན་པོ་ཏི་སེ་འདི་ཡང་གྲུབ་པ་ཡིན་པར་ཤེས་པར་བྱའོ།།
མཆན།
རྒྱུ་ཆ།
རྒྱུ་ཆ་གཙོ་བོ།:
འབྲི་གུང་ཆོས་ཀྱི་ལོ་གྲོས། 1998. “ཕྱི་སྣོད་ས་གཞི་རི་བཅས་ཆགས་ཚུལ།” གནས་ཡིག་ཕྱོགས་བསྒྲིགས་ནས་ལས་དྲངས།, 136–139. ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། BDRC W2082
རྒྱུ་ཆ་ཕལ་པ།:
Buswell, Robert E., Jr., and Donald S. Lopez Jr. 2014. The Princeton Dictionary of Buddhism. Princeton: Princeton University Press.
དཔར་བྱང་།
ཕྱི་སྣོད་ས་གཞི་རི་བཅས་ཆགས་ཚུལ།
རྩོམ་པ་པོ།
Drigung Konchok Tendzin Chokyi Lodro
ཆོས་རྒྱུད།
Kagyu
སྐུ་ཕྲེང་རིམ་བྱོན།
TBC
ལོ་རྒྱུས་དུས་རབས།
TBC
བླ་མ།
TBC
སྒྱུར་པ་པོ།
སློབ་གཉེར་བསྟི་གནས།
TBC